འདིར་བཞུགས་ཀྱི་དགེ་རྒན་དང་སློབ་གྲོགས་རྣམ་པ། ལྷན་རྒྱས་དགོང་མོ་བདེ་ལེགས། ང་ནི་དེ་རིང་གི་གཏམ་བཤད་འགྲན་སྡུར་གྱི་འགྲན་ཞུགས་པ་ཕྱུག་སྐྱིད་ལྷ་འཛོམས་ཡིན། ངའི་གཏམ་བཤད་ཀྱི་ཁ་བྱང་ནི《ང་ཡི་སློབ་ཆེན། ང་ཡི་ཕུགས་བསམ》ཞེས་པ་དེ་ཡིན།
རེད་ཡ། དེ་རིང་ང་གར་སྟེགས་འདིར་ལངས་ནས། ངས་རང་ཉིད་ཀྱི་ཕུགས་བསམ་དེ་མཛེས་རྒྱན་དང་གཏམ་འདོད་སོགས་ཀྱི་ཕྱི་ཤུན་གྱིས་མ་སྤྲས་པར། ངའི་ཚོར་བ་གསོན་པོ་ཞིག་དང་ལྷག་བསམ་དྭངས་མ་ཞིག་གིས་ཁྱེད་རྣམས་ལ་བརྗོད་འདོད།
ངས་བསམ་ན་འདིར་བཞུགས་ཀྱི་སློབ་གྲོགས་སུ་དང་སུ་ཡིན་ནའང་། ང་དང་འདྲ་བར་རྨི་ལམ་ལའང་མངོན་རེ་བྱེད་པའི་མཛེས་སྡུག་ལྡན་པའི་ཕུགས་བསམ་རེ་ཡོད་ངེས། འོན་ཀྱང་ངས་བརྒྱུད་མྱོང་བའི་ལམ་ཁ་ནི་ཁྱེད་ཚོ་ལས་ལྡབ་འགྱུར་གྱིས་དཀའ་ངལ་ཆེ། རེད། ངའི་ཕུགས་བསམ་ནི་རང་རིགས་ཀྱི་རྗེས་རབས་པ་རྣམས་ལ་ཕ་སྐད་མ་ཡིག་གི་དབུགས་རྒྱུན་སྦྱིན་མཁན་གྱི་སྐད་ཡིག་དགེ་རྒན་ཞིག་བྱེད་འདོད་པ་དེ་ཡིན། མི་ཁ་ཤས་ཀྱིས་དེ་ནི་ལས་སླ་མོ་ཞིག་རེད་ཟེར། འགའ་ཞིག་གིས་དེ་ནི་སྤྱི་ཚོགས་ཀྱི་གནས་འབབ་དམའ་ལུགས་བཤད། ཡང་འགའ་རེས་ལས་ཀ་དེ་ནི་ཁེ་ཕན་དང་ངོ་སོ་ཆུང་ཚུལ་ལབ། འོན་ཀྱང་ངས་དེ་དག་ལ་སྣང་བ་གཏོང་མ་མྱོང་ལ་གཏོང་ཡང་མི་སྲིད། མ་གཞི་ངས་དེ་རིང་ཁ་བྱང་དང་བསྟུན་པའི་སློབ་ཆེན་གྱི་ཕུགས་བསམ་ཞིག་གླེང་དགོས་མོད། འོན་ཏེ། ངའི་ཕུགས་བསམ་དེ་ནི་སློབ་ཆེན་ལ་བསླེབས་པ་ནས་ད་གཟོད་བྱུང་བ་ཞིག་མ་ཡིན་པར། དྲན་གསལ་ལ་དེ་ནི་ངས་ཕུགས་བསམ་ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱི་ནང་དོན་ཧ་གོ་བའི་ཉིན་དེ་ནས་བཟུང་། རང་ཉིད་མ་འོངས་པར་ཕ་སྐད་མ་ཡིག་སློབ་མཁན་གྱི་དགེ་རྒན་ཞིག་བྱེད་རྒྱུའི་དམ་བཅའ་བཞག་པ་ཡིན། དེར་བརྟེན། སློབ་ཆེན་གྱིས་ང་ལ་ཕུགས་བསམ་ཞིག་སྦྱིན་པ་མ་ཡིན་པར།ཕུགས་བསམ་གྱིས་ང་ལ་སློབ་ཆེན་འདི་གནང་བྱུང་།
རེད། ང་ལ་མཚོན་ནས་བཤད་ན། ད་ལྟ་སློབ་གཉེར་བྱེད་མུས་ཡིན་པའི་རང་རེའི་ནུབ་བྱང་མི་རིགས་སློབ་ཆེན་འདི་ནི་འདོད་ཐོག་ལ་རྟ་དང་བསམ་ཐོག་ལ་ཆར་ལྟ་བུའི་རེ་སྨོན་ཁྲོད་ཀྱི་སློབ་ཆེན་དེ་ཡིན། གང་ཡིན་ཟེར་ན། འདི་རུ་ངའི་ཕུགས་བསམ་མངོན་འགྱུར་ཡོང་ཐུབ་པའི་ཆ་རྐྱེན་གཙོ་བོ་མཐའ་དག་འཛོམས་ཡོད། སློབ་ཆེན་འདི་ནས། ང་ལ་ཡང་བསྐྱར་མི་རིགས་རང་གི་སྐད་དང་ཡི་གེར་སྦྱོང་བའི་བསྐལ་བ་བཟང་བོ་ཐོབ་བྱུང་། ངའི་ངོས་ནས་བཤད་ན། བསྐལ་བ་བཟང་པོ་འདི་འདྲ་ཐོབ་པའི་སྤྲོ་བ་ནི་ཚིག་རེ་གཉིས་ཀྱིས་བརྗོད་མ་ཐུབ་པ་ཞིག་སྟེ། མིང་དུ་གྲགས་པའི་པེ་ཅིང་སློབ་ཆེན་དུ་རྒྱུགས་འཕྲོད་ཀྱང་དེ་འདྲའི་དགའ་ཚོར་ཡོང་མི་སྲིད། གང་ཡིན་ཞེ་ན། ལོ་ཁ་ཤས་གོང་ལ། ང་རང་ད་ལྟ་ལྟར་ཕུགས་བསམ་ལ་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ག་ལ་ཡོད། དེ་ཡང་ང་རང་གནས་སའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཤིག་གི་དབང་གིས། གང་ཡང་མི་ཤེས་པའི་ང་རང་ཕ་ཡུལ་བཞག་ནས་རྒྱ་ཡུལ་ནང་སའི་ཕྱོགས་ལ་བགྲང་བྱ་དྲུག་ལྷག་ལ་འཁྱམ་ཞིང་། ཕ་སྐད་མ་ཡིག་སྦྱོང་རྒྱུའི་གོ་སྐབས་རྦད་དེ་བྲལ་བའི་ལོ་ཟླ་མང་པོ་ཕར་ལ་བསྐྱལ་བ་ཡིན།
དེ་ལྟ་བུའི་མི་རིགས་རིག་གནས་ཀྱི་དྲི་ཙམ་ཡང་དབེན་པའི་ཁོར་ཡུག་འོག་ཏུ། ངས་བོད་ཡིག་གི་དཔེ་ཆ་བལྟས་པར་གཞན་གྱིས་ང་རང་ལོགས་སུ་བཀར་མྱོང་ལ། ད་དུང་རྒྱ་མི་འགའ་རེས་ང་ལ་མཐོ་རྒྱུགས་བོད་ཡིག་གིས་མི་གཏོང་བས་ད་དུང་བོད་ཡིག་སྦྱངས་ནས་ཅི་བྱེད་ཅེས་དྲི་བ་ཐེངས་མང་དྲིས་མྱོང་། དེའི་ལན་དུ་ངས་གལ་སྲིད་ཁྱོད་ཚོ་ད་ལྟ་ཨ་རིའི་རྒྱལ་ཁབ་ཏུ་སློབ་སྦྱོང་བྱེད་ཀྱིན་ཡོད་པ་དང་། ཁྱོད་ཚོས་རྒྱ་ཡིག་གི་དཔེ་ཆ་བལྟས་པར་གཞན་གྱིས་དེ་འདྲའི་དྲི་བ་དྲིས་ན་ལན་ཇི་ལྟར་འདེབས་རྒྱུ་ཡིན་ཞེས་ལྡོག་འདྲིའང་བྱས་མྱོང་ཡོད། དེ་དུས་ངའི་ཕུགས་བསམ་ནི་ཆག་གྲུམ་དུ་ཤོར་བའི་ཕུགས་བསམ་ཡིན། དེ་དུང་ངས་མཐོང་བའི་མ་འོངས་ནི་རབ་རིབ་ཀྱིས་སྒྲིབ་པའི་མ་འོངས་ཡིན། ཡིན་ནའང་། ཤ་ཁྲག་དང་འདྲེས་པའི་མི་རིགས་རང་ཉིད་ཀྱི་རིག་གནས་ཀྱི་བསླུ་བྲིད་ནི་དེ་འདྲའི་གོ་ལོག་དང་ཁོར་ཡུག་གི་བཀག་རྒྱས་འགོག་ཐུབ་པ་ཞིག་གདོད་ནས་མ་རེད།
གུང་གསེང་གི་སྐབས་སུ། ང་རང་ཕ་ཡུལ་རྩྭ་ཐང་ལ་ལོག་ཐེངས་རེ་རེར། ངས་ཕ་ཡུལ་གྱི་ཡ་ང་བའི་སློབ་གསོའི་གནས་སྟངས་མཐོང་ཐེངས་རེར། ངའི་ཕ་ཡུལ་གྱི་གླེན་རྟགས་ཚ་བའི་མི་འགའ་རེས་བོད་ཡིག་མཁོ་མེད་དུ་བརྩི་བ་ཤེས་ཐེངས་རེར། ན་ཆུང་གི་བྱིས་པ་ཚོས་ཨ་མ་ཞེས་པའི་ཡིག་འབྲུ་གཉིས་འབྲི་མ་ཤེས་གོང་ནས་妈妈ཞེས་འབོད་པ་གོ་ཐེངས་རེར། ངས་ནང་སའི་ཕྱོགས་ལ་ཡོད་པའི་བོད་རིགས་སློབ་གྲོགས་མང་ཆེ་བས་བོད་ཡིག་བརྗེད་ནས་རང་མིང་ཙམ་ཡང་གཙང་དག་རྣལ་མས་འབྲི་ཐུབ་ཀྱིན་མེད་པ་ཤེས་སྐབས། ཁོ་ཚོས་བོད་ཡིག་ཀློག་དུས་ལྕེ་ལེབ་མོར་མདུད་པ་ཐེབས་འགྲོ་ཞེས་དགོད་ཁ་སློང་བའི་རྣམ་པ་མཐོང་ཐེངས་རེར། ད་ལྟའང་ངས་ཕ་ཡུལ་གྱི་མི་ཚོས་ཕྲུ་གུ་ནང་སར་སློབ་གྲྭ་འགྲིམ་པར་གང་སར་དགའ་འབོད་དང་དགའ་སྐྱེལ་སྟོན་མོའི་འགྲན་རྩོད་ཀྱི་དྲག་རླུང་བོད་ལྗོངས་ཀྱི་སྤྱི་ཚོགས་བྱིངས་སུ་འཚུབ་པ་ཚོར་ཐེངས་རེར། ངས་ཕ་ཡུལ་གི་ཡ་ང་བའི་ཕྱི་ནང་གསང་གསུམ་གྱི་ངོ་བོ་གསལ་པོར་མཐོང་བའི་སྐབས། ངའི་ཁོག་ནང་དུ་རྡོ་བླུགས་པ་ལྟ་བུའི་ལྗིད་ཏིག་ཏིག་གི་ཚོར་བ་སྐྱེས་ཡོང་གི་འདུག སྐབས་དེ་དུས། ངས་རང་ཉིད་ཀྱི་ཁོག་ན་ལྡིང་བའི་སྙིང་དམར་པོའི་འཕར་སྒྲ་ལས། མ་འོངས་པའི་ལོ་ཟླར་ཅི་ཞིག་བྱེད་འདོད་པ་དང་གང་ཞིག་སྒྲུབ་འདོད་པ་གསལ་པོར་ཧ་གོ་ཡི་འདུག དེ་ནི་ངའི་ཆེས་ཐོག་མའི་སེམས་འདུན་ནམ་ཕུགས་བསམ་དེ་མུ་མཐུད་རང་གི་མི་ཚེའི་ཁ་ཕྱོགས་དང་དམིགས་འདུན་དུ་བརྩི་རྒྱུ་དེ་ཡིན།
དེར་བརྟེན་ངས་སློབ་ཆེན་འགྲིམས་པ་ཡིན། ང་ནུབ་བྱང་མི་རིགས་སློབ་ཆེན་དུ་ཡོང་བ་ཡིན། གང་ཡིན་ཟེར་ན་གནས་འདི་རུ་ང་ལ་ནང་སའི་བོད་ཕྲུག་གཞན་དང་མི་འདྲ་བའི་ཕ་སྐད་སྦྱོང་སའི་ཁོར་ཡུག་ཅིག་ཡོད་པ་ཧ་གོ་བས་ཡིན། རྒྱུགས་ལེན་སྐབས་ཐད་ཀར་བོད་ཡིག་སྡེ་ཁག་ཏུ་མིང་ཐོ་བཀོད་མི་ཆོག་པའི་དབང་གིས་ང་སློབ་ཆེན་དུ་ཡོང་མ་ཐག་དཔལ་འབྱོར་སློབ་གླིང་དུ་ཡོད། སློབ་གླིང་བརྗེ་སྤོར་གྱི་རྒྱུགས་དང་ཡིག་ཆ་ལེན་པ་སོགས་བརྒྱུད་རིམ་མང་བོ་ཞིག་བསྒྲུབ་རྗེས། གཞི་ནས་དཀའ་ངལ་མཐའ་དག་ཁྱད་བསད་ཀྱིས་བོད་སྐད་ཡིག་སློབ་གླིང་དུ་འཛུལ་ཐུབ་སོང་། ང་ངོ་མ་ཧ་ཅང་དགའ། ལོ་མང་པོ་དེ་འདྲའི་རྗེས་སུ་སླར་ཡང་ཕ་སྐད་མ་ཡིག་ལ་སློབ་གཉེར་གྱི་གོ་སྐབས་བྱུང་བའི་ཚོར་སྣང་དེ་ནི་ཅི་འདྲའི་དགའ་འོས་པ་ཞིག་རེད་ལ་སྐྱོ་འོས་པ་ཞིག་ཀྱང་ཅི་ལ་མིན་ཨང་། དགའ་འོས་པ་ནི་ངས་སྔོན་ཆད་བོར་སོང་བའི་རང་ཉིད་རྙེད་བྱུང་། མ་འོངས་པའི་ལམ་ལ་འོད་ལམ་ལམ་གྱི་ཡིད་ཆེས་དང་རེ་བ་རྙེད་བྱུང་། སྐྱོ་འོས་པ་ནི་ང་དང་ང་ལྟ་བུའི་ཕུགས་བསམ་ཡོད་མཁན་གང་མང་ཞིག་ད་ལྟ་ཡང་ངའི་དེ་སྔོན་གྱི་སྐྱོ་གར་བསྐྱར་འཁྲབ་བྱེད་བཞིན་པའི་སྣང་ཚུལ་ངན་པ་དེ་རེད། ད་དུང་ཡང་མུ་མཐུད་དུ་བསྐྱར་འཁྲབ་བྱེད་དགོས་པའི་ལས་དབང་སྐྱ་བོ་དེ་རེད། དེ་ཉིན་ངའི་མིག་ཟུང་མཆི་མས་བརླན་སོང་། དེའི་རྒྱུ་རྐྱེན་གང་རུང་དུ་གཏོགས་པར་སྙམ་པའི་ངའི་གློ་སྙིང་གི་མཚམས་ནས་འཕྱུར་འོང་བའི་ཚོར་བ་དེ་དག་ནི་གང་ཡིན་ཧ་གོ་མཁན་ཞིག་མེད་ཤས་ཆེ་ནའང་། མེད་ཀྱང་ལོས་ཆོག་ལ། འདིར་བརྗོད་དགོས་ཀྱང་མི་འདུག
ད་ལྟ་ངས་གནོན་ཤུགས་དང་དཀའ་ཁག་མཐའ་དག ཞེང་ཆུང་བའི་ཕྲག་ཀས་རྒྱབ་ཏུ་བཏེགས་ནས་བོར་སོང་བའི་ལོ་ཟླ་འཚོལ་བཞིན་ཕུགས་བསམ་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། སྤྱིར་ངས་ཀྱང་ཁྱེད་ཚོ་དང་འདྲ་བར་སློབ་ཆེན་པ་ཞེས་པའི་མིང་བྱང་ཞིག་ཁུར་ཡོད་ནའང་། དོན་ངོ་མར། ངའི་ད་ལྟའི་བོད་ཡིག་ཆུ་ཚད་ནི་དམའ་འབྲིང་ཙམ་ལས་མེད། འདིར་བཞུགས་ཀྱི་ཁྱེད་ཚོ་དང་བསྡུར་ན་གནམ་སའི་ཁྱད་པར་ཡོད་རེད། འོན་ཀྱང་ངས་དོ་དགོང་འདིར་སྤོབས་པ་ཆེར་བསྐྱེད་ཀྱིས་འགྲེངས་ཏེ་སྐད་ཡིག་གི་དགེ་རྒན་ཞིག་བྱེད་རྒྱུའི་སྐད་འབོད་བྱེད་དོན་ནི། དེ་ནི་ངའི་ཆེས་ཐོག་མའི་འགྱུར་མེད་ཀྱི་དམ་བཅའ་ཡིན་ལ་ཆེས་མཐའ་མའི་མཛེས་སྡུག་གི་ལམ་ཡིན།
ངའི་གཏམ་བཤད་མཇུག་རྫོགས་སོང་། ཚང་མ་བཀའ་དྲིན་ཆེ།
༢༠༡༧.༤.༢༧
*འདིར་ནུབ་བྱང་མི་རིགས་སློབ་ཆེན་གྱི་"ང་ཡི་སློབ་ཆེན། ང་ཡི་ཕུགས་འདུན"ཞེས་པའི་གཏམ་བཤད་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།